ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

འཛམ་གླིང་ཤེས་དཔལ་གྱི་སྐྱེད་ཚལ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱེད།

2023-03-25 17:18:00     责编:桑吉卓玛

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྤྱི་ཟླ་3པའི་ཚེས་15ཉིན་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་དབར་གྱི་མཐོ་རིམ་གླེང་མོལ་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་བརྗོད་དོན་གཙོ་དོན་གསུང་བཤད་གནང་སྐབས། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ཐོག་མར་བཏོན་གནང་ཡོད། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་དེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོའི་རྗེས་དུས་རབས་གསར་པར་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཁོ་འདོན་བྱས་པའི་སྤྱི་པའི་ཐོན་རྫས་གལ་ཆེན་གཞན་ཞིག་ཏུ་གྱུར་ནས། མིའི་རིགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་ཆེད་དྲང་ནུས་ཆེན་པོ་བསྣན་ཡོད།

ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་དབར་གྱི་མཐོ་རིམ་གླེང་མོལ་གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་རབས་ཅན་གྱི་ལམ་བུ་འཚོལ་ཞིབ་བྱ་རྒྱུའི་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་གི་ངོས་འཛིན་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་བ་དང་འབྲེལ་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཏོན་གནང་ནས། གོ་ལ་ཧྲིལ་པོའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཟོལ་མེད་བསམ་འདུན་མཚོན་པར་གནང་ཡོད།

ཞི་ཅིན་ཕིང་གིས། རྒྱལ་ཁབ་ཁག་གི་མདུན་ལམ་དང་ལས་དབང་གཅིག་ཏུ་འབྲེལ་བའི་དེང་གི་དུས་འདིར། ཤེས་དཔལ་མི་འདྲ་བ་ཁོང་ཡངས་མཉམ་གནས་དང་། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དེ། མིའི་རིགས་སྤྱི་ཚོགས་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་ལྡུམ་ར་ཕུན་སུམ་ཚོགས་སུ་གཏོང་བའི་ཐད་གཞན་དྲིང་མི་འཇོག་པའི་ནུས་པ་འདོན་སྤེལ་བྱས་ཡོད་པས། ང་རང་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་འདོན་འདོད་ཡོད་ཅེས་གསུངས་པ་རེད།

གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོས“ཐུན་མོང་གི་གྲོས་འགོ་བཞི”ནང་དོན་གཙོ་བོར་བྱས་ནས་འཛམ་གླིང་གི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཀྲུང་ཧྭ་ཤེས་དཔལ་དང་ཀྲུང་གོའི་འགྲོ་ལམ་ཞིབ་འཇུག་ལྟེ་གནས་ཀྱི་དྲུང་ཆེ་ཝང་ཞུའེ་པིན་གྱིས། འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པ་ནི་འཛམ་གླིང་རྒྱལ་ཁབ་ཁག་གིས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་དགོས་པ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་ནི་རྩ་བའི་གཞི་འཛིན་ས་ཡིན་པ། ཤེས་དཔལ་རྒྱུན་འཛིན་དང་གསར་གཏོད་ལ་མཐོང་ཆེན་བྱེད་པ་ནི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཡིན་པ། རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་ནི་ཐབས་ལམ་ཡིན་ཞེས་གསུངས་པ་རེད།

དེང་གི་འཛམ་གླིང་ལ་འགྲན་སློང་དང་ཉམས་ཉེན་མང་པོ་མཉམ་དུ་ཐོན་པ་དང་། རྒྱལ་སྤྱིའི་གླེང་ཕྱོགས་ཐོག“ཤེས་དཔལ་མཆོག་གྱུར་སྨྲ་བ”དང་། “ཤེས་དཔལ་གདོང་གཏུག་སྨྲ་བ”སོགས་ཀྱི་གཏམ་བརྗོད་ངན་པས་ཁེངས་ཡོད། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཏོན་པ་དེས་མིའི་རིགས་ཀྱི་སྤྱི་ཚོགས་གང་དུ་བསྐྱོད་དགོས་མིན་ཐད་བསམ་བློའི་ཁྲིད་སྟོན་དེ་བས་མང་བ་གནང་ཡོད། ནི་ཀྲེ་རི་ཡའི《སྐྱ་རེངས་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨའོ་སི་ཐིང་·མ་ཧོ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ནང་ང་རང་ལ་བག་ཆགས་ཟབ་ཤོས་ནི་ཁོང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་དེ་རེད། འཛམ་གླིང་དེ་ཉིད་མེ་ཏོག་སྣ་བརྒྱ་བཞད་པའི་མེ་ཏོག་ལྡུམ་ར་ཞིག་ཏུ་འགྱུར་དགོས་པ་དང་། མེ་ཏོག་ཡོད་ཚད་མི་དམངས་ཀྱི་ཁེ་ཕན་གྱི་ཆེད་དུ་བཞད་ཁ་ཕྱེ་བ་ཞིག་ཡིན་དགོས་ཞེས་གསུངས་འདུག

ཤེས་དཔལ་མི་འདྲ་བའི་དབར་མཉམ་སྡུད་མཉམ་གསོག་དང་། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། དགེ་ལེན་སྐྱོན་སེལ། ཐུན་མོང་ཡར་རྒྱས་ཡོང་བ་བཅས་རྒྱུན་འཁྱོངས་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་གནང་བའི་དགོངས་ཚུལ་ཞིག་རེད། སྤྱི་ལོ་2014ལོའི་ཟླ་3པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་པུའུ་རུ་གཏམ་བཤད་གནང་སྐབས། འཛམ་གླིང་ལ་དུས་རབས་གསར་པའི་ཀྲུང་གོའི་ཤེས་དཔལ་གྱི་ལྟ་བ་གསལ་འགྲེལ་གནང་ཡོད།

སྤྱི་ལོ་2019ལོའི་ཟླ་5པར་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་གྲོས་འགོ་བཏོན་ནས་གཉེར་གནང་བའི་ཨ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ཐོག ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་རྒྱག་རྒྱུའི་ཀྲུང་གོའི་འདོད་ཚུལ་གྱིས་ཨ་ཤེ་ཡ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས་ནན་སྟོན་གནང་དོན། དེང་གི་ཀྲུང་གོ་ནི་ཀྲུང་གོའི་ཀྲུང་གོ་ཡིན་པ་ཙམ་གྱིས་མ་ཚད་པར། ད་དུང་ཨ་ཤེ་ཡའི་ཀྲུང་གོ་དང་། འཛམ་གླིང་གི་ཀྲུང་གོ་ཡང་ཡིན། འབྱུང་འགྱུར་ཀྲུང་གོས་དེ་བས་སྒོ་དབྱེའི་རྣམ་པའི་ཐོག་ནས་འཛམ་གླིང་དང་དམ་པོར་སྦྲེལ་རྒྱུ་དང་དེ་བས་གསོན་ཤུགས་ཀྱིས་ཁེངས་པའི་ཤེས་དཔལ་གྲུབ་འབྲས་ལ་བརྟེན་ནས་འཛམ་གླིང་ལ་ལེགས་སྐྱེས་འབུལ་ངེས་ཡིན། ཀྲུང་གོ་ནི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དར་སྤེལ་གཏོང་མཁན་ཞིག་ཡིན་ལ་ཉམས་ལེན་འབད་སྒྲུབ་ཀྱི་ལག་བསྟར་མཁན་ཞིག་ཀྱང་ཡིན། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་བཏོན་པ་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཏོན་པའི་བར་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན། མིའི་རིགས་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་མཁན་བཅས་ཡིན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་དེ་ཉིད་མིའི་རིགས་ཤེས་དཔལ་གྱི་རྣམ་པ་གསར་པ་ཞིག་ཡིན་པའི་ངོས་ནས། གོ་ལ་ཧྲིལ་པོའི་ཤེས་དཔལ་གཞན་དག་དང་ཕན་ཚུན་དཔྱད་གཞིར་འཛིན་ཚེ་འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་ལྡུམ་ར་སྔར་བས་ཕུན་སུམ་ཚོགས་སུ་འགྲོ་ངེས་རེད།

ཞི་ཅིན་ཕིང་གིས། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། འཛམ་གླིང་རྒྱལ་ཁབ་ཁག་གི་མི་ཆོས་རིག་གནས་སྤེལ་རེས་དང་། རིག་གནས་མཉམ་འདྲེས། དམངས་སེམས་གཅིག་མཐུན་བཅས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་ལྡུམ་ར་མཛེས་སྡུག་ལྡན་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བ་བྱ་འདོད་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

འཛམ་གླིང་ཤེས་དཔལ་གྱི་སྐྱེད་ཚལ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྤྱི་ཟླ་3པའི་ཚེས་15ཉིན་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་དབར་གྱི་མཐོ་རིམ་གླེང་མོལ་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་བརྗོད་དོན་གཙོ་དོན་གསུང་བཤད་གནང་སྐབས། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འག