ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཀྲུང་དབྱང་གིས་ནད་ཡམས་འགོག་བཅོས་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་གནང་བ།

2020-02-13 11:33:00     责编:sangjzm

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་སྐོང་ཚོགས་བྱས་ཏེ་ཏོག་གསར་གློ་ཚད་རིམས་ནད་ཀྱི་དུས་བབ་ལ་དབྱེ་ཞིབ་དང་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་ཞིབ་འཇུག་གནང་བ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

སྤྱི་ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་སྐོང་ཚོགས་བྱས་ཏེ་ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྙན་སེང་གསན་པ་དང་། མིག་སྔའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་དུས་བབ་ལ་དབྱེ་ཞིབ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་ཞིབ་འཇུག་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད།

ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ང་ཚོས་སྔ་བར་ཕྱི་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཆོད་སེམས་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་འཕིགས་ཇུས་འདོན་བཅས་ཀྱི་སྤྱིའི་བླང་བྱ་ལྟར། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྱོན་ཡོངས་ནས་སྤེལ་ཡོད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་འོག་ཀྲུང་དབྱང་གི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་དུས་ཐོག་ཏུ་ལས་དོན་ཞིབ་འཇུག་བཀོད་སྒྲིག་གནང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་སྒྲིག་གཞིས་སྲིད་ཇུས་མཐུན་སྦྱོར་དང་དངོས་པོ་ཆ་སྦྱོར་བྱེད་ཚད་ཤུགས་ཆེར་བཏང་བ། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་རང་འགན་ཡག་པོ་འཁུར་བ། རྒྱ་ཆེའི་སྨན་དོན་མི་སྣས་སྔོན་ལ་གདོང་མཆོངས་བྱས་པ་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་བ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ནས་ཀུན་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ཡོད། དཀའ་ཚེགས་ཆེ་བའི་འབད་འཐབ་བྱས་པ་བརྒྱུད། རིམས་ནད་དུས་བབ་ཡག་པའི་ཕྱོགས་སུ་འགྱུར་བ་བྱུང་བ་དང་། སྔོན་འགོག་ཚོད་འཛིན་ལས་དོན་ལ་ཕན་འབྲས་བཟང་པོ་ཐོན་ཡོད། དེ་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པར་ཕྱོགས་ཁག་ཚང་མས་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་དང་།

ཞི་ཅིན་ཕིང་གིས། མིག་སྔར། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་འགག་རྩའི་དུས་མཚམས་སུ་སླེབས་པས་ལྷོད་གཡེང་སྤུ་ཙམ་མེད་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་པ་དང་། རིམས་ནད་ཚབས་ཆེ་བའམ་ཡང་ན་ཉེན་ཁ་ཅུང་ཆེ་བའི་ས་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལྟར། གཙོ་གནད་མངོན་གསལ་དོད་པ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག། རིགས་དབྱེའི་མཛུབ་ཁྲིད་དང་ཁུལ་དབྱེ་ནས་སྲིད་ཇུས་ལག་བསྟར་བྱེད་པ། ལས་དོན་ཁག་དམ་འཛིན་ཡག་པོ་དང་། དམ་འཛིན་ཞིབ་ཚགས། དོན་འཁྱོལ་ལ་དམ་འཛིན་བཅས་ཏན་ཏིག་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་དང་ད་ལོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་འགན་དམིགས་འབེན་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་དགོས་པའི་ནན་སྟོན་གནང་བ་དང་།

གྲོས་ཚོགས་ཐོག་བསྡུ་ཉར་སྨན་བཅོས་བྱེད་ཚད་དང་དྲག་སྐྱེད་ཡོང་ཚད་མཐོ་རུ་གཏོང་བ་དང་། རིམས་ནད་འགོས་ཚད་དང་ནད་པ་འཆི་ཚད་ཉུང་དུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལྷུ་ཚིགས་གཙོ་བོར་དམ་འཛིན་ཡག་པོ་བྱེད་དགོས། བསྡུ་ཉར་སྨན་བཅོས་ནུས་པ་ཁྱོན་ཡོངས་ནས་ཤུགས་ཆེར་གཏོང་བ་དང་། ཚ་བ་རྒྱས་པ་ཐོན་མང་བའི་གྲོང་ཁྱེར་གྱིས་གནས་གཏན་འཁེལ་གྱི་སྨན་ཁང་དང་། སྨན་བཅོས་ཉལ་ཁྲི། ལོགས་དབྱེ་བྱེད་ས་བཅས་མང་དུ་གཏོང་རྒྱུར་དམ་འཛིན་བྱེད་པ་དང་། དོགས་ཡོད་ནད་པར་ལྟ་ཞིབ་ཚད་ལེན་བྱེད་པའི་མྱུར་ཚད་མགྱོགས་སུ་གཏོང་བ། བསྡུ་དགོས་རིགས་བསྡུ་གང་ཐུབ་དང་། བཅོས་དགོས་རིགས་བཅོས་གང་ཐུབ་བྱས་ཏེ་བསྡུ་ཉར་དང་སྨན་བཅོས་བྱེད་ཚད་མཐོ་རུ་གཏོང་དགོས། སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་ཞུ་འབུལ་བ། སྔ་ཙམ་ལོགས་སུ་དབྱེ་བ། སྔ་ཙམ་སྨན་བཅོས་བཅས་ཀྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། ནད་རིགས་འགོས་ལམ་མེད་པ་བཟོ་བ་བཅས་བྱས་ཏེ། ནད་གཞི་འགོས་ཚད་དམའ་རུ་འགྲོ་བ་བྱེད་དགོས། ནད་པ་དང་ལྷག་པར་དུ་ཚབས་ཆེའི་ནད་པ་སྐྱོབ་བཅོས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། བཟང་ཆ་ལྡན་པའི་སྨན་བཅོས་ཐོན་ཁུངས་དང་ལག་རྩལ་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་ནད་པ་སྐྱོབ་བཅོས་བྱེད་པ་དང་། དུས་ཐོག་ཏུ་སྤྱོད་གོ་ཆོད་པའི་བརྟག་དཔྱད་སྨན་བཅོས་ཇུས་གཞིར་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ། སྨན་རྫས་དང་རིམས་འགོག་སྨན་གྱི་ཚན་ཞིབ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་ནི་སྔར་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པས་ཉལ་ཁྲི་དང་སྨན་དོན་མི་སྣ་སོགས་སྨན་བཅོས་ཐོན་ཁུངས་མི་འདང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གནས་གཏན་འཁེལ་གྱི་སྨན་ཁང་སྒྱུར་བཀོད་དང་རྒྱ་ཆེར་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ནད་ཚབས་ལྕི་བའི་ཉལ་ཁྲིའི་མཁོ་སྤྲོད་ཤུགས་ཆེར་གཏོང་བ། བསྡུ་ཉར་དང་སྨན་བཅོས། སྨན་ཁང་གཞན་དུ་བརྟག་དཔྱད་བྱེད་པར་སྐྱོད་སའི་བགྲོད་ལམ་ཤར་གཏོང་ཐུབ་པ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ནད་པ་སྐྱོབ་བཅོས་བྱེད་དགོས། ཞིང་ཆེན་བཅུ་དགུས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་ལ་ཁ་གཏད་རོགས་སྐྱོར་བྱད་པ་ཕུད་པའི་ས་ཁུལ་དང་གྲོང་ཁྱེར་གྱིས་འགན་འཁྲི་ཕྲག་ཏུ་འཁུར་བ་དང་དོན་འཁྱོལ་ཚགས་ཚུད་པོ་བྱེད་དགོས། མི་འབོར་འགྲོ་རྒྱུག་མང་བའི་ཞིང་ཆེན་དང་གྲོང་ཁྱེར་ཆེ་ཁག་གིས་མཉམ་འགོག་མཉམ་འཛིན་གྱི་བླང་བྱ་ལྟར། ཕྱིར་ལོག་བྱེད་མཁན་འགྲུལ་པའི་བདེ་ཐང་ལ་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགྲིམ་འགྲུལ་ཡོ་བྱད་དང་ཐང་དང་འབབ་ཚུགས་སུ་དུག་སེལ་རླུང་འགྲོ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པ་དང་། སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་ཏན་ཏིག་བསྒྲུབ་དགོས་ཞེས་གསུངས་པ་རེད།

གྲོས་ཚོགས་ཐོག་སྨན་བཅོས་དངོས་ཟོག་སོགས་ཀྱི་མཁོ་སྤྲོད་འགན་སྲུང་ཤུགས་ཆེར་གཏོང་བ་དང་། ཁ་རས་དང་སྨན་སྤྱོད་འགོག་སྲུང་གྱོན་ཆས་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཀྱི་ཧུར་སེམས་སྐུལ་སློང་གང་ལེགས་བྱེད་པ། ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་བྱ་རྒྱུར་སྐུལ་འདེད་གཏོང་བ། ཆ་རྐྱེན་ཡོད་པའི་ཁེ་ལས་ཀྱིས་ཐོན་ནུས་སམ་ཡང་ན་ཐོན་སྐྱེད་གཞན་སྒྱུར་བྱ་རྒྱུར་སྐུལ་མ་གཏོང་བ། ལས་མི་མི་འདང་བ་དང་སྒྲིག་ཆས་མི་འདང་བ། མ་བཅོས་རྒྱུ་ཆ་མི་འདང་བ། མ་དངུལ་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ། དངོས་ཟོག་མི་འདང་བ་རྣམས་གཅིག་གྱུར་བཀོད་གཏོང་བྱེད་པ། གཙོ་གནད་ས་ཁུལ་གྱི་དགོས་མཁོ་སྔོན་ལ་འགན་སྲུང་བྱེད་པ་དང་ཆབས་ཅིག་འཚོ་བའི་མཁོ་ཆས་ཐོན་སྐྱེད་དང་མཁོ་སྤྲོད་ལས་དོན་ཡག་པོ་བསྒྲུབ་པ་དང་། འབྲུ་རིགས་ཀྱི་ཞིང་ཆེན་འགོ་འཛིན་གྱི་འགན་འཁྲིའི་ལམ་ལུགས་དང་སྔོ་ཚལ་གྱི་གྲོང་སྤྱིའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། ཟས་རིགས་གཙོ་བོ་དང་ཞོར་ཟས་ཐོན་སྐྱེད་དང་། འཁོར་རྒྱུག མཁོ་སྤྲོད་བཅས་ལ་དམ་འཛིན་ཏན་ཏིག་བྱེད་དགོས། མིག་སྔར། དཔྱིད་རྨོས་དཔྱིད་འདེབས་ཀྱི་འགག་རྩའི་དུས་ལ་སླེབས་པས་ས་གནས་ཁག་གིས་ས་བོན་དང་། རྫས་ལུད། གཟན་རྩ་སོགས་ཞིང་ལས་རྒྱུ་ཆའི་མཁོ་སྤྲོད་སྒྲིག་འཛུགས་ལ་དམ་འཛིན་བྱེད་པ་དང་། དཔྱིད་འདེབས་དོ་དམ་བྱ་ཐབས་དོན་འཁྱོལ་ཡག་པོ་བྱས་ཏེ། ཞིང་ལས་ཐོན་སྐྱེད་རྨང་གཞི་བརྟན་དུ་གཏོང་དགོས་པའི་ནན་སྟོན་བྱས་ཡོད།

གྲོས་ཚོགས་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ས་ཁུལ་མིན་པས་ཁུལ་དང་རིམ་པ་དབྱེ་ནས་གནད་པ་འཕིགས་པའི་ངང་སྔོན་འགོག་ཚོད་འཛིན་ལག་བསྟར་བྱ་རྒྱུར་དམ་འཛིན་བྱེད་དགོས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོ་རིམ་ལྡན་པའི་སླར་གསོ་ཡོང་རྒྱུར་གཅིག་གྱུར་འཆར་འགོད་བྱེད་དགོས། ཚན་རིག་དང་མཐུན་པའི་འགོག་བཅོས་དང་། གནད་པ་འཕིགས་པའི་སྲིད་ཇུས་ལག་བསྟར་བྱེད་པའི་རྩ་དོན་ལྟར། རྫོང་ཁོངས་ཀྱིས་ཚན་པ་བྱས་ཏེ་རྫོང་ཁོངས་མི་གཅིག་པའི་ཉེན་ཁའི་རིམ་པ་གཏན་འཁེལ་བྱེད་པ། ཁུལ་དང་རིམ་པ་དབྱེ་ནས་ཧེ་བག་ལྡན་པའི་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་གཏན་འབེབས་བྱེད་པ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དངོས་ཐོག་བདེན་འཚོལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་པ་དང་། ཕྱོགས་ལྷུང་དང་ཐལ་སྐྱོད་བྱེད་སྟངས་དུས་ཐོག་ཏུ་ཡོ་བསྲང་བྱེད་པ། སྟབས་བདེ་པོས་སྒོ་རྒྱག་པ་དང་མཚམས་འཇོག་ཁོ་ན་མི་བྱེད་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱིས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

གྲོས་ཚོགས་ཐོག ད་ལོ་ནི་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་དང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་མཇུག་བསྡུ་བའི་ལོ་ཞིག་ཀྱང་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཆུང་ཤོས་སུ་གཏོང་གང་ཐུབ་དང་། དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ཁག་འབད་པ་ཆེན་པོས་མངོན་དུ་འགྱུར་བ་བྱེད་དགོས་པའི་ནན་སྟོན་གནང་ཡོད།

གྲོས་ཚོགས་ཐོག སྤྱི་ཁོག་སྲིད་ཇུས་ཀྱི་སྙོམ་སྒྲིག་ནུས་པ་ཤུགས་ཆེར་གཏོང་བ་དང་། རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ལ་གཞིགས་ནས་དེ་བསྟུན་གྱི་སྲིད་ཇུས་བྱ་ཐབས་ཞིབ་འཇུག་གཏན་འཁེལ་བྱེད་དགོས། ནོར་སྲིད་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ས་གནས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་མ་དངུལ་དགོས་མཁོ་སྐོང་དགོས། མུ་མཐུད་དེ་དུས་མཚམས་རང་བཞིན་དང་དམིགས་བཙུགས་རང་བཞིན་ལྡན་པའི་ཁྲལ་གྲོན་ཉུང་གཏོང་བྱ་ཐབས་ཞིབ་འཇུག་བྱས་ནས་བཏོན་ཏེ་ཁེ་ལས་ཀྱི་ཚོང་གཉེར་དཀའ་ངལ་སེལ་དགོས། བརྟན་ལ་སྐྱོན་དང་བྲལ་བའི་དངུལ་ལོར་སྲིད་ཇུས་ཀྱི་སྟབས་བསྟུན་ནུས་པ་རྒྱུན་འཁྱོངས་ཀྱིས་རིམས་འགོག་དངོས་ཟོག་ཐོན་སྐྱེད་བྱེད་མཁན་ཁེ་ལས་ལ་སྐྱེས་ཚད་ཡིད་རྟོན་དངུལ་བུན་གྱི་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཆེ་བའི་ས་ཁུལ་དང་ལས་རིགས། ཁེ་ལས་བཅས་ལ་རིགས་དབྱེ་ཅན་གྱི་གཟིགས་སྐྱོང་དངུལ་རྩའི་ཞབས་ཞུ་བསྒྲུབ་དགོས། ལས་ཞུགས་སྔོན་འཇོག་སྲིད་ཇུས་ལག་ལེན་ཡག་པོ་བསྟར་ཏེ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་ཁྲལ་གྲོན་དང་དངུལ་རྩ། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། རིམས་འགོག་ལས་དོན་ཡག་པོ་བསྒྲུབ་པའི་སྔོན་འགྲོའི་འོག་རིགས་དབྱེ་མཛུབ་ཁྲིད་དང་། གོ་རིམ་ལྡན་པའི་ངང་ཀྲུང་དབྱང་ཁེ་ལས་དང་གཞུང་ཁོངས་ཁེ་ལས་སོགས་རིགས་ཁག་གི་ཁེ་ལས་ཀྱིས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་བསྐྱར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བྱ་ཐབས་མང་པོ་མཉམ་བཟུང་གིས་མཐོ་སློབ་སློབ་ཐོན་སློབ་མ་སོགས་ཀྱི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་སྟེ་ལས་ཞུགས་ཀྱི་གནས་བབ་ཆེན་པོ་བརྟན་ལྷིང་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག ནང་མཁོ་རྒྱ་སྐྱེད་དང་ཕྱི་མཁོ་བརྟན་པོ་ཡོང་བ་བྱེད་དགོས། གཙོ་གནད་ཁྱབ་ཁོངས་སུ་གཅིག་སྡུད་བྱེད་པ་དང་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་གཏོང་ཕྱོགས་ལེགས་སྒྱུར་བྱེད་པ། ཀྲུང་དབྱང་གི་སྔོན་རྩིས་ནང་ཁུལ་གྱི་མ་འཇོག་ཡག་པོ་བྱེད་པ། དམངས་ཁྲོད་མ་འཇོག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་པ་བཅས་བྱས་ནས་རྣམ་གྲངས་ཆེ་གྲས་ཁག་གཅིག་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཞབས་ཞུའི་འཛད་སྤྱོད་ཀྱི་སྤུས་ཚད་མཐོར་གཏོང་དང་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཚོང་ཟོག་དངོས་ཀྱི་འཛད་སྤྱོད་རྒྱ་སྐྱེད་བཏང་ནས་གསར་དར་འཛད་སྤྱོད་ལྐོག་ཤུགས་ལྷུག་གྲོལ་གཏོང་དགོས། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱིས་ཐོན་སྐྱེད་བསྐྱར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཉོ་ཚོང་མ་རྩ་བསྡུ་རུབ་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རྒྱལ་སྤྱི་དང་མཐུན་སྦྱོར་མཉམ་ལས་བྱ་རྒྱུའི་ནང་ཧུར་ཐག་ཞུགས་ཏེ་ཕྱི་ཕྱོགས་ཉོ་ཚོང་གི་གོང་འཕེལ་ཆེད་རྒྱལ་སྤྱིའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས། ཕྱི་དངུལ་གྱི་རྣམ་གྲངས་ཆེ་གྲས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་དང་ཆ་སྦྱོར་ཁྲིམས་སྲོལ་ལག་ལེན་ཡག་པོ་བསྟར་ཏེ་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁོར་ཡུག་ལེགས་སྒྱུར་དང་ཕྱི་རྒྱལ་ཚོང་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

གྲོས་ཚོགས་ཐོག རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་བཀོད་སྒྲིག་ཡག་པོ་བྱེད་དགོས། དེ་ནི་གཅིག་ནས་དམག་འཐབ་ཆེན་པོ་ཞིག་རེད་ལ། གཉིས་ནས་ཚོད་བགམ་ཆེན་པོ་ཞིག་ཀྱང་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་ཕྲག་ཏུ་འཁུར་ཞིང་ཚོད་བགམ་ཐེག་པ་བྱེད་དགོས་པ་དང་། གཅིག་ནས་འགན་འཁྲི་འཁུར་བའི་དཔའ་ངར་ལྡན་དགོས་ལ། གཉིས་ནས་ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་བྱེད་པའི་བློ་རིག་ལྡན་དགོས། གཅིག་ནས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པའི་ཇུས་འདོན་དགོས་ལ། གཉིས་ནས་ལག་བསྟར་སྒྲིག་འཛུགས་བྱེད་པའི་འཇོན་ཐང་ལྡན་དགོས། ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་གྱིས་དམག་འཐབ་ཆེན་པོའི་ཁྲོད་དུ་ཐོག་མའི་བསམ་མཐུན་དང་འགན་འཁྲི་ལག་བསྟར་བྱེད་པ་དང་ཚོད་བགམ་ཆེན་པོའི་ཁྲོད་ཚད་དང་ལོན་པའི་གྲུབ་འབྲས་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་རྒྱུར་འགན་ལེན་དང་། ལོ་འཁོར་མོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།

གྲོས་ཚོགས་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁཡབ་ལས་ཁུངས།
ཞུ་དག སྐྱིད་པོ།
ཡིག་སྒྱུར། མིག་དམར་རྒྱ་མཚོ། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ཀྲུང་དབྱང་གིས་ནད་ཡམས་འགོག་བཅོས་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་གནང་བ།